8.9.10

འཚོ་བའི་ངོས་ལ་བལྟས་པ།

ཤེས་རབ་ལྷ་མཆོག་གིས་སྤྱན་ཞིག་གཡོར་དང་།།
རྒྱུ་འབྲས་དྲང་བདེན་གྱི་ལམ་ཞིག་སྟོན་དང་།།
གང་ལ་ཅི་ཕན་གྱི་ཐབས་ཤིག་མ་རྙེད།།
ཐེ་ཚོམ་འཆིང་བ་ཡི་རྒྱ་རུ་ཚུད་ཡོད།།

བདེན་བདེན་འགྲིག་འགྲིག་གི་རྫུན་ཞིག་བཤད་ན།།
ཀུན་གྱི་དགའ་བསུ་ཡིས་མཐེ་བོང་བསྒྲེང་འོང་།།
དངོས་སུ་འཇིག་ཉེན་ལ་མཛུབ་མོ་ཀེར་ཚེ།།
ཐམས་ཅད་ལྡོག་ཕྱོགས་ནས་འུར་སེ་ལངས་འགྲོ།

ལྷག་བསམ་བདེན་དྲང་གི་གཏམ་རེ་བརྗོད་ན།།
མི་ཤེས་ཤེས་མདོག་ཚོས་ལོག་འགྲེལ་བརྒྱབ་འགྲོ།
དངོས་ཐོག་བདེན་འཚོལ་གྱི་ལམ་ཞིག་བསྙེགས་ན།།
ཀུན་གྱི་མིག་ནང་གི་བསྟན་བཤིག་རེད་འགྲོ།

བསླུ་མེད་རང་གཤིས་ཀྱི་བདེན་ཐོབ་སྲོང་ན།།
ཕྱོགས་མང་ལྷན་འདས་ཀྱི་གྲོགས་དང་འགལ་འགྲོ།།
དུས་ཀྱི་དགོངས་དོན་དང་ཉེ་བར་བཅར་ཚེ།།
དགོན་སྡེའི་ཕྱག་སྲོལ་ལ་ཕོག་ཐུག་ཤོེར་འགྲོ།།

གཅིག་རྒྱུགས་གཉིས་འདྲོགས་ཀྱི་ཕོ་རོག་ནག་ཆུང་།།
རླུང་བུ་གར་གཡུགས་ཀྱི་རྗེས་སུ་བསྙེག་འགྲོ།།
རང་གཤིས་རང་ལུགས་ཀྱི་བདེན་པ་སྲོང་མཁན།།
ཉིན་གྱི་སྐར་མ་བཞིན་མེད་པར་སྣང་ངོ།།

འགྱུར་ལྡོག་སྣ་མང་གི་དུས་རབས་འདི་ནས།།
བརྡབ་གསིག་ཚོད་མེད་ཅིག་འུ་ཚོར་ཐེབས་མོད།།
དུས་དང་འགྲོས་བསྟུན་གྱི་རྒྱང་ལམ་བསྙེགས་པར།།
ད་དུང་འགོག་རྒོལ་ནི་ཁྲིགས་སེ་བྱས་འདུག།

བླུན་པོ་ཁ་མཐུན་གྱི་གྲས་ཤིག་འཛོམས་ན།།
དགེ་འདུན་ཆོས་འཕེལ་ཡང་ཕྱི་མར་བསྐྱལ་འགྲོ།།
རྨོངས་རྟུལ་ཤེས་མེད་ཀྱི་དབང་ཤེད་བཙན་པོས།།
སྐྱེས་མཆོག་རང་གྲོལ་ཀྱང་འཆི་བར་བརྫང་སོང་།།

འཐེན་ཁྱེར་ཕྱོགས་རིས་ཀྱི་དཔུང་ཁག་ཅིག་གིས།།
རྣམ་འབྱོལ་ཚངས་དབྱངས་བའི་ཁྲི་འཕང་གཏོར་ཞིང་།།
སྐུ་ལྕམ་མེ་ཏོག་གི་གསོན་སྙིང་བྲུས་དེ།།
རྒྱུ་འབྲས་གནས་ལུགས་ལ་ཚོད་མེད་བྱས་མྱོང་།།

ལྷག་བསམ་ཟོལ་མེད་ཀྱི་བདེན་པའི་རང་གཏམ།།
བཤད་ནས་གོ་མཁན་ཞིག་ཡོད་ཚོད་མ་རེད།།
འགལ་འདུ་སྟོང་ཕྲག་གི་གཡུལ་ས་ཞིག་ནས།།
ཕམ་དགོས་བྱུང་བ་ནི་རང་ཉིད་ལགས་སོ།།

No comments:

Post a Comment