9.9.10

འཚོ་བའི་ལམ་དུ།

གྱེས་བྲལ་སེམས་པ་ལ་རྨས་སྐྱོན་ཕོག་ཡོད།།
དྲན་གདུང་རབ་རིབ་ཀྱི་སྙན་ངག་བྲིས་ཡོད།།
ཡིད་སེམས་སྟོན་མཇུག་གི་སྡོང་ལོ་སེར་བོ།།
དགའ་སྐྱོ་ཆགས་སྡང་གི་རླུང་ལ་བསྐུར་ཡོད།།

གོམ་པའི་རྡོག་སྣེ་དེ་ཕྱི་ལ་གཏད་ནས།།
ཐོག་མའི་འཚོལ་སྙེག་གི་ཡུལ་དུ་སླེབས་སོང་།།
གནོང་དང་འགྱོད་པ་ཡི་ཕང་སེམས་ཤིག་ལས།།
བཙལ་ནས་རྙེད་པ་ཞིག་ཡོད་ཚོད་མི་འདུག།

སྣང་བའི་གླུ་སྐད་དེ་ཡིད་ཀྱིས་བསྐྱོར་བཞིན།།
བགྲོད་ལམ་ཁྲི་སྟོང་གི་ཁ་མཐར་ཕྱིན་ཡོད།།
ཁ་དོག་གཞན་བསྒྱུར་གྱི་འཚོ་གནས་འདི་རུ།།
སྙིང་བོ་དོན་ལྡན་ཞིག་རློམ་ཐུབ་མ་བྱུང་།།

ཕྱི་མིག་རབ་རིབ་འདིས་གང་ལ་བལྟས་ཀྱང་།།
གོམ་པའི་ཁ་ཕྱོགས་ནི་ཅི་ཙམ་བསྒྱུར་ཀྱང་།།
ནང་གི་སྐྱོ་ཤེས་དེ་བསུབ་ཐུབ་དཀའ་འདུག།
འདོད་ཡོན་འདུ་འཛི་ལ་རོ་ངར་ཆེ་འོ།།

གཉིག་མ་ལྷན་སྐྱེས་ཀྱི་རང་སེམས་འདི་ལ།།
རྟོག་པ་གཞི་བྲལ་དེ་འོང་ཚོད་མ་རེད།།
ཟུང་འཇུག་གོ་འཕང་གི་རྒྱལ་ས་བརྙེས་པར།།
ལྟ་བ་རྣམ་དག་གི་རྒྱབ་རྟེན་དགོས་འདུག

ཚུལ་འཆོས་སེང་འབག་གིས་ཕྱི་ནས་བཅུམ་ཞིང་།།
འཁོར་བའི་འཁྲེང་ཞེན་གྱིས་ནང་ནས་མནར་བའི།།
ཆོས་ནོར་གཉིས་མེད་ཀྱི་སྤྲང་བོ་ང་ལ།།
ནང་གི་སྐྱིད་ཉམས་དེ་ཡེ་ནས་མི་འདུག།།

རང་ཤོང་སྤྱིལ་བུ་ལ་ལུས་འདི་བཅོལ་ནས།།
མཚན་མོའི་ལྷིང་འཇགས་ལ་སེམས་པ་བརླན་ནས།།
ཡུན་རིང་ཐང་ཆད་ཀྱི་ལུས་སེམས་གཉིས་པོར།།
ངལ་གསོའི་ཁོམ་ལོང་ཞིག་ཨེ་ཡོང་འདོད་ཡོད།།

དུང་སེམས་རྒྱ་མཚོ་ཡི་རླབས་དང་འདྲིས་ཞིང་།།
སྨྲིང་བ་རི་ཆེན་གྱི་གྲིབ་མར་གྱུར་དུས།།
དང་པོ་ན་ཆུང་གི་རྩེད་ར་ཆུང་ཆུང་།།
ཕྱི་དྲན་ཐེངས་ཤིག་གི་སྐལ་དུ་ཐོབ་སོང་།།

ཅི་ཞིག་འཚོལ་འདོད་ཀྱི་ངལ་བའི་གདུང་བས།།
ལང་ཚོའི་དར་ལྕོག་དེ་རླུང་གིས་ཟོས་སོང་།།
འཆར་སྣང་རབ་རིབ་ཀྱི་ཕྱི་མིག་ཀློང་ན།།
སྐྱོ་བ་ལན་མང་གི་ན་ཟུག་རིམ་ཡོད།།

ཞེན་པ་དར་སྐུད་གྱི་མདུད་ཕྲ་མོ།།
གདུང་སེམས་ལས་སྨོན་གྱི་དབྱངས་ལ་བརྒྱུས་ཏེ།།
རྣམ་འབྱོར་ཚངས་དབྱངས་བའི་མགུར་གླུ་གཉོམ་པོ།།
 སྣང་སྲིད་རོལ་མྱོང་གཞི་རུ་གཟུང་ཡོད།།

No comments:

Post a Comment