8.9.10

སྒྱུ་འཕྲུལ།

སྣ་ལྔའི་ཁ་དོག་འཐབ་པའི་རྨི་ལམ་ཞིང་ནས།།
དགའ་སྡུག་སེམས་ཀྱི་འགྱུར་བ་སྨྱུག་རྩེ་རུ་དྲང་སྟེ།།
དོན་དམ་སྙན་ངག་འབྲི་བའི་སྟ་གོན་ལ་གཞོལ་དུས།།
དམར་ནག་མི་སེམས་འཁྲོས་བའི་སྡང་མིག་ཅིག་བསྟན་སོང་།།

སླར་ཡང་མེ་ཏོག་བཞད་པའི་སྒྱུ་འཕྲུལ་གྱི་གླིང་ནས།།
ངག་གི་རོལ་མོ་ཆ་གཅིག་མགྲིན་པ་རུ་བཏེགས་ནས།།
རིག་བྱེད་མ་དྲོས་མཚོ་མོར་བག་ཡངས་སུ་བྱིན་དུས།།
གར་གྱི་གཤོག་ཟུང་བསྐྱངས་བའི་སྤོབས་པ་དེ་ཐོབ་སོང་།།

སྣང་བའི་མེ་ཏོག་འཛུམ་པའི་སྒྱུ་རྩལ་གྱི་ས་བོན།།
ཚོགས་དྲུག་རྣམ་ཤེས་གསར་བའི་མ་གདན་ལ་བཏང་སྟེ།།
ཕ་མཐའི་རྒུ་ཚིགས་སྙེག་པའི་ངལ་སྟེགས་སུ་འགྲེང་དུས།།
བདག་གི་གོམ་སྟབས་ཁྱོད་ཀྱི་སྔས་འགྲམ་དུ་བསྒྱུར་ཡོད།།

ཀྱེ་མ་གང་སར་འཐོར་བའི་རྣམ་ཤེས་ཀྱི་ཕུང་བོ།།
འཛིན་མེད་སྟོང་བའི་དབྱིངས་ལ་ལྷག་མེད་དུ་གཏོར་ཏེ།།
ཆུ་ཤེལ་ནོར་བའི་མཛོད་ལ་རང་དབང་དུ་སྤྱོད་ཚེ།།
བདག་གི་མགྲིན་པ་ཁྱོད་ཀྱི་རྐང་གླེང་དུ་གྱུར་འདུག།

འཁྲེགས་འཛིན་ལྟ་བའི་བཙན་རྫོང་ཐེར་ཟུག་ཏུ་མཐོང་བའི།།
སྐྱེས་མཆོག་རང་གྲོལ་གཤེགས་པའི་ཕངས་སེམས་ཀྱི་རྨ་ཁ།།
རིགས་ཞེན་གངས་ཆབ་གཙང་མའི་ཡང་ཡང་དུ་བཀྲུས་དུས།།
བདག་གི་མིག་ཆུས་གདུང་བའི་སེམས་ཁམས་དེ་བརླན་སོང་།།

ཆུ་བྱ་ངང་མོ་གཤོག་རྩ་རྣག་ཁྲག་གིས་ཟོས་བས།།
འཕུར་འདོད་རེ་བའི་སྤོབས་པ་བཏང་སྙོམས་སུ་འཇགས་དུས།།
སྲིད་པའི་རང་ཁྱིམ་བོར་བའི་གཤོག་ཐོག་གི་ཚོགས་ལ།།
དོན་དམ་གནས་ལུགས་མཐོང་བའི་མིག་ཟུང་ཞིག་གཡར་ཡོད།།

གཤོག་རླབས་གསར་བའི་དབྱངས་ཤིག་མགྲིན་རྒྱན་དུ་བླང་དེ།།
ལྷིང་འཇགས་སྨུག་སྤྲིན་འཐིབ་པའི་རི་གྲོང་འདིར་ཐོན་དུས།།
སྣང་བའི་གློག་ཞགས་འཁྱུག་པའི་སྒྱུ་འཕྲུལ་གྱི་མ་མ།།
སེམས་ཀྱི་མེ་དཔུང་སྦར་བའི་རབ་འདེགས་སུ་མཛེས་པ།།

སྲ་མཁྲེགས་ལྕགས་རི་གཏོེར་བའི་རྣམ་དཔྱོད་ཀྱི་སྟ་གྲི།།
མུན་པའི་གཡུལ་ངོ་བསལ་བའི་གོ་ཆ་རུ་བཏགས་ཏེ།།
མྱ་ངམ་ཐང་ལ་བསྐྱོད་པའི་གོམ་སྟབས་འདི་བསྒྱུར་དུས།།
བདག་གི་ན་ཟུག་ཁྱོད་ཀྱི་མཐོང་ལམ་དུ་བསྟར་ཡོད།།

ཕ་གཞིས་ཟད་པོ་འཚོལ་བའིོ་ངལ་དུབ་ཀྱིས་གདུང་ཞིང་།།
ཡིད་ཀྱི་མཚོ་ཆེན་འཁྱོམ་པའི་རླབས་ངོགས་སུ་འགྲེང་དུས།།
རྟོག་འགྱུ་གར་དུ་སྡེབ་པའི་གླུ་སྐད་དང་མཉམ་དུ།།
བདག་གི་ཡོད་ཚད་ཁྱོད་ཀྱི་འཇིག་རྟེན་དུ་ཆས་སོང་།།

ཁྲག་དང་རྔུལ་ཆུས་བྲིས་བའི་ལོ་རྒྱུས་ཀྱི་གླེགས་བམ།།
དུར་གྱི་ཐང་ལ་འཐེན་པའི་བསུབ་མེད་ཀྱི་རྐང་རྗེས།།
ཡོད་ཚད་རླུང་གིས་ཁུར་བའི་ཤུགས་རིང་གི་སྣེ་ན།།
ཁྱོད་ཀྱི་དུས་གསུམ་བདག་གི་སྙན་ངག་དུ་གྱུར་འདུག།
རྩོམ་འདིའི་མ་གདན་ནི་སྤྱི་ལོ༢༠༠༥ལོའི་ལོ་འཇུག་ཅིག་ཏུ་བྲིས་ཏེ་ ༢༠༠༨ལོར་ནོར་བཅོས་བྱས་བ་ཞིག་ཡིན་ཞིང་། ད་ཐེངས་ཚོད་ལྟའི་ཚུལ་དུ་འདིར་ བཀོད་པ་ཡིན།

No comments:

Post a Comment