8.9.10

སྨེང་བ།

དགོན་འདབས་ཀྱི་སྨྲེང་བ།

སྣ་ཚོགས་མིག་གི་མཛེས་པ་གླུ་སྐད་ལ་བཅོལ་བའི།།  ཡིད་ཀྱི་འཁྲི་ཤིང་མཉེན་པའི་ངག་རིག་གི་རྒྱལ་སྲས།།
སྟོང་ལྡན་རྒྱུད་སྐུད་སྟེང་གི་འཚོ་ཞེན་གྱིས་དེད་ནས།།  སྟོང་འདང་འཇའ་ཚོན་འཚོལ་བའི་སྟ་གོན་ལ་ཆས་ཡོད།།

མ་བཅོས་ངག་ལ་བྱང་བ་ཐ་སྙད་ཀྱི་རི་ཚོགས།། ཡིད་ཀྱི་གཙང་བོར་འཁྱིལ་བ་ཀུན་རྟོག་གི་ལྷ་མོ།།
སྣང་སྟོང་ཉམས་ཀྱི་ཕྱུག་པའི་འཁོར་འདུས་ཀྱི་པང་ནས།། བློ་ཡི་ནམ་མཁའ་དྭངས་མོ་སྨུག་སྤྲིན་གྱིས་གཡོགས་སོང་།།

དགའ་སྐྱོ་ཟུང་གི་བཞེངས་བའི་སྙན་ངག་གི་འཚོ་བ།།  སྟོང་སེམས་རི་མོ་བྲིས་བ་བཤུལ་སོང་གི་རྐང་རྗེས།།
ཕམ་ཁ་བརྗོད་ཐུབ་བྲལ་བའི་ཁེར་རྐྱང་གི་སྤྲང་བོ།། འགལ་འདུ་སྟོང་ཕྲག་བརྩེགས་པའི་རི་གྲོང་ན་སྨྲེང་ཡོད།།

ལན་རེར་དགོད་པའི་སྐད་སྒྲ་བར་སྣང་དུ་སྤུར་ཞིང་།།  ཐེངས་རེར་གདུང་བའི་འཆི་མ་སེམས་ཁོང་དུ་མུད་བཞིན།།
ཡིད་ཆད་གདུང་བའི་ངལ་བ་སྨྱུག་རྩེ་རུ་འདྲེན་པོ།།  མི་ཚོགས་རླུང་གིས་ཁུར་བའི་ལྡོག་ཕྱོགས་སུ་འགྲེང་ཡོད།།

ས་ཆེན་ཧྲིལ་གྱིས་བརྒལ་བའི་གོམ་སྟབས་འདི་ཆེ་སོང་།།  མི་ཚེའི་དབྱངས་རྟ་རྙེད་སའི་ཁོར་ཡུག་དེ་དོག་པ།།
མཁོ་མེད་ཅོལ་ལ་ཞེན་པའི་བློ་ཆུང་གི་ངག་ནས།།  ལྟ་ལོག་ལྟས་ངན་འདོགས་པའི་བསྒྲགས་གཏམ་ཞིག་སྤེལ་སོང་།།

ལོག་རྟོག་དོན་གྱི་སྙིང་སྟོབས་གླུ་སྐད་ཀྱིས་བསྐྱོར་ནས།། ངུར་སྨྲིག་མཚོན་ཁ་རལ་བའི་དགོན་འདབས་སུ་ཆེས་བས།།
བསམ་བློའི་འོད་ལ་གཤེ་བའི་མི་ཚོགས་ཀྱི་མདུན་ན།།  འཕྱ་སྨོད་སྟོང་གི་འབེན་དེ་ང་རང་ལས་སུ་ཡོད།།

མཐོ་བ་གསེར་གྱི་ཁྲི་དེ་ས་རྡུལ་གྱིས་གཡོགས་ཤིང་།།  དགེ་བཤེས་སྒམ་ཚིག་ཅན་ཡང་ནག་ཚོང་གིས་བྲེལ་དུས།།
སྟོན་པའི་གསེར་སྐུ་གཅིག་བོ་ལྷིང་འཇགས་ཀྱིས་བཞུགས་པ། །དུས་ཀྱི་མཐའ་ལ་ཐུགས་པའི་རང་འཚང་དེ་ཡིན་ནམ།།

དབྱིངས་དང་ཕ་མཐའ་བྲལ་བའི་རྐང་གླེང་གི་འགྱུར་ཁུགས།། འཚོ་བའི་ཁ་དོག་འཐོར་བའི་རྟོགས་སད་ཀྱི་ང་རོ།།
ལང་ཚོའི་སྐལ་དུ་མྱོང་བའི་རྒྱང་བཞུད་ཀྱི་མི་དེ།། གནམ་སའི་ལྷིང་འཇགས་འཁྱིལ་བའི་དགོན་འདབས་ན་སྨྲེང་ངོ།།

ས་ཆེན་གོས་ཧྲུལ་བརྗེ་བའི་དུས་ཚོད་ཀྱི་གཤོག་པ།།  འཕྲུལ་གྱི་མིག་ཟུང་ཕྱེ་བའི་ཐང་ཆེན་ན་རྡེབ་མོད།།
དགོས་མེད་ཁང་ཧྲུལ་བསྙལ་བའི་ནག་ཉེས་ཀྱི་ཡོལ་བ།། ད་དུང་དགོན་འདབས་འདི་ཡིས་མཛེས་པ་རུ་རློམ་ཡོད།།

མི་འདོད་རྣམ་འགྱུར་སྟོང་གིས་ཁ་མཐའ་རུ་དེད་ཅིང་།། ཡིད་ཀྱི་དག་གཙང་སྲུང་བའི་ཁེར་རྐྱང་གི་མི་ཞིག།།
ཁྱོད་ཀྱིས་བྱིན་པའི་ན་ཟུག་སྙིང་ཁུངས་སུ་རིམ་བཞིན།། བསྐྱར་གསོན་ཐེངས་ཤིག་རེ་བའི་སྤོབས་སེམས་ཀྱིས་ཁེངས་ཡོད།།

No comments:

Post a Comment